我的故乡 ཕ་ཡུལ་རྒན་གྱ

21Zem无魂

作词 : 21Zem无魂

作曲 : JC瑞知

༄ མེ་ཏོག་བཞད་ས་གསེར་ཆེན་ཐང་རེད།

༄ ཁུ་བྱུག་གྲགས་ས་དར་རྒྱལ་ཀླད་རེད།

༄ སྤྲིན་པ་དཡེང་ས་བྲག་དཀར་རྩེ་རེད།

༄ ཆོས་འཁོར་བསྐོར་ས་རྒན་གྱའི་གཞུང་རེད།

ཆུང་བྱིས་པ་སློབ་ལ་དགའ་ས།

མ་བུ་མོ་གཤིས་ཀ་འཇམ་ས།

ཕོ་གསར་བུ་གཞུང་རྒྱུད་དྲང་ས།

ཡུལ་དེ་ནི་ང་ཡི་ཕ་ས།

ངའི་ཕ་ཡུལ་གླེང་ན། དེ་ནི་སྐྱིད་སྡུག་འདྲེས་མའི་

ལོ་རྒྱུས་དང་དཔའ་བོའི་སྙིང་སྟོབས་མཆིས་བའི་

མེས་པོ་དག་གི་ཤ་ཁྲག་དང་རྐང་རྗེས་ཁྲོད་ནས

་དེང་རབས་ལ་སྔ་མོ་ནས་གོམ་སྟབས་བརྒྱབ་པའི་

གནའ་བོའི་རྡོ་རིང་ཡོད་ས་ཅིག་ཡིན།

སྔ་མར་རང་ཕ་ཡུལ་ལ་དགའ་ཞེན་ཆེ་བའི་ཀུན་གྱི་རྩ་བའི་བླ་མ་

འཇམ་དབྱངས་བཞད་པ་མཆོག་གིས་ཉམས་ཐག་པའི་རང་ཡུལ་སློབ་བུ་

ཐུགས་ལ་དགོངས་ཞིང་། ལྷ་སའི་བཀའ་བསྟན་འགྱུར

་དཀར་དཀར་འབྲི་ལ་བཀལ་ནས་མདོ་སྨད་ཆོས་ཀྱི་སྦྲང་ཆར་

བབས་པའི་ངོ་མཚར་བརྗེད་ཐབས་བྲལ་བའི་རྣམ་ཐར་

ཕུ་ནུ་མིང་སྲིང་དག་གིས་མ་བརྗེད་ལ།

མི་ཉག་རྒྱལ་རབས་རྗེས་ཡང་དམག་དཔུང་ཆེན་པོའི

་མེས་རྒྱལ་དང་མི་དམངས་ཆེད་དུའང་ཚེ་སྲོག་ཕུལ

ཤེས་རབ་ཀྱིས་བརྩིགས་པའི་མཁར་གྱང་ངམས་བརྗིད་ལྡན་པ་ད་ལྟའི་

མཁར་ནང་འདི་ནི་ལོ་རྒྱུས་ཀྱི་བདེན་དབང་ཡིན་ལ།

ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་དེ་དག་ནི

་ང་ཚོ་རྗེས་རབས་དག་ལ་བཞག་པའི་རིན་མེད་པའི་གཏེར་མཛོད་ཀྱང་ཡིན།

སྔོན་བཙན་པོའི་ཚོ་ཆེན་བཞི་ཡི་ཡ་བཅད་ཁ་དཀར་ཚོམ་བུ་ཞེས་ཀུན་ལ་གྲགས།

དར་ཆའི་སྟེང་དུ་ལུག་མགོ་ཅན་གྱི་དཔའ་རྒོད་དེ་ཚོ་ངེད་ཅག་གི་མེས་པོ་ཡིན།

རྩྭ་ཐང་གི་ལུག་ནི་ཁོ་ཚོའི་སྒོ་ཟོག་ཡིན་པ་མ་ཟད་

ནང་སེམས་ནས་ཞི་བདེ་ལ་དུང་བའི་དད་སེམས་བརྟེན་པོ་དེ་ལས་ཀྱང་ཡིན།

༉རི་རབ་ནི་ལྕགས་རི་རིང་པོ་བཞིན་

བརྗིད་ཉམས་ཀྱིས་རྒན་གྱའི་མཐའ་རུ་བསྐོར་ཞིང་།

རྒན་གྱའི་གཞུང་ནི་དཀྱིལ་འཁོར་བཞིན་རིམ་གྱིས་ཐང་ལ་བརྡལ་བ་འདྲ་བའི་

རྩྭི་ཤིང་དང་སྐར་ཚོམ་བཞིན་གྱི་སྡེ་ཁྱུ

སྡེ་བ་རེ་རེའི་མ་ཎི་འཁོར་ཁང་འགྲམ་ཏུ་བསྐོར་བ་རྒྱག་པའི་མང་ཚོགས་མང་པོ་འདུག

ཕ་ཡུལ་གྱི་བུ་ཕྲུག་དག་གིསརང་རང་གི་ངལ་བརྩོན་ལ་བརྟེན་ནས་

ཕ་ཡུལ་མ་ཡུམ་ཕྱི་གཙང་ནང་གཙང་དུ་བཏང་འདུག ཿ

ཨ་མདོ་ཆོས་ལ་བཀོད་པའི་བླ་མ་ཡོད།

ཕ་མར་ཀུས་བ་ཆེ་བའི་བུ་ཕྲུག་ཡོད།

གཞོན་པར་བྱམས་ཀྱིས་སྐྱོང་བའི་ཡུལ་སྲོལ་ཡོད།

ཁྱེད་ལ་གནའ་དེང་འདྲེས་པའི་གཏམ་རྒྱུད་མང་།

ཁྱེད་ནི་ང་ཡི་ཕ་ཡུལ།

རྒན་གྱའི་ན་རིང་ལུང་གི་རི་རྩེ་ནས་བརྙན་རིས་བཞིན་མིག་ལམ་ཏུ་མཆར་བའི་

ལྷ་ཡུལ་མི་ཡུལ་འདྲེས་བ་ལྟ་བུའི་ཤམ་པ་ལ་འདྲའི་བྲག་དཀར་གནས་མཆོག་དེ་ནི

ཤར་བསྐལ་ལྡན་རྒྱ་མཚོ་ཁོང་གི་ས་དང་པོ་རབ་དུ་དགའ་བ་ཐོབ་སའི་གནས་ཁམས་ཅན་ཡིན་ལ།

བསྐལ་བཟང་མེ་ཏོག་བཞད་ཞིང་གནམ་ནས་བབས་པའི

་གཏེར་ཆུ་དྭངས་མོས་གསོས་བའི་བུ་ཕྲུག་དག་གི་བསོད་ནམས་ཡང་ཡིན།

ཕ་ཡུལ་གྱི་མི་རྣམ་ལ་བློ་རིག་ལྡན་ལ།

ཕ་ཡུལ་གྱི་མི་རྣམས་ལ་བྱང་སེམས་དེ་ལས་ལྡན།

ཕ་ཡུལ་ཆོས་སྒྲུབ་སའི་དགོན་སྡེ་མང་ལ།

ཕ་ཡུལ་ན་མི་ཚེ་སྲིལ་བོར་དགེ་བའི་ལས་ལ་བརྩོན་ཞིང་

སྙིང་རྗེ་རིལ་རྐང་ལ་ཟུག་པའི་ཆོས་གྲོགས་དེ་ལས་ཀྱང་མང་ནས་མང་།

ཕ་ཡུལ་ལ་བོད་ལྗོངས་ཡོངས་ཁྱབ་ཀྱི་བརྩེ་དུང་རིང་མོའི་གཏམ་རྒྱུད་ཡོད་ལ།

རྒན་པོ་ཚོས་མི་ཚེ་གང་པོར་ལབ་རྒྱུའི་གནའ་གཏམ་ཡང་ཡོད།

དེ་ལས་ཀྱང་ཡིད་དགའ་བ་ནི་ཕ་ཡུལ་ན་ཕ་ཡུལ་ལ་དུང་བའི་ཕ་ཡུལ་གཅིག་པའི་མི་བུ་མང་པོ་ཡོད་པ་དེ་རེད།

གསེར་ཆེན་ཐང་ནས་གླུ་དབྱིངས་ལེན་པའི་མི

རི་ལུང་ཀུན་ནས་ནོར་ལུག་འཚོ་བའི་མི

དགོན་སྡེ་ནང་ནས་ནང་ཆོས་སྦྱོང་བའི་མི

གྲོང་ཁྱེར་བརྒལ་ནས་འབད་བརྩོན་བྱེད་པའི་མི

ཨ་ཕ་བཞིན་ཏུ་འཁོར་ཡུག་སྐྱོང་བའི་མི

རྒན་པོས་བཤད་པའི་གནའ་སྒྲུང་། ཨ་མས་ལབ་པའི་གཏམ་རྒྱུད།

བྱིས་པ་ཚོའི་དགོད་སྒྲ གཡང་དཀར་ལུག་གི་འབའ་སྒྲ

མེ་ཏོག་གི་ཁྱབ་པའི་རྩྭ་ཐང་ན་རྩེད་འཇོ་རོལ་བའི་སྲོག་ཆགས་དང་བྱེའུ

འདི་ཡོད་ཚད་ངའི་ཕ་ཡུལ་ཡིན།

༄ མེ་ཏོག་བཞད་ས་གསེར་ཆེན་ཐང་རེད།

༄ ཁུ་བྱུག་གྲགས་ས་དར་རྒྱལ་ཀླད་རེད།

༄ སྤྲིན་པ་དཡེང་ས་བྲག་དཀར་རྩེ་རེད།

༄ ཆོས་འཁོར་བསྐོར་ས་རྒན་གྱའི་གཞུང་རེད།

ཾཆུང་བྱིས་པ་སློབ་ལ་དགའ་ས།

མ་བུ་མོ་གཤིས་ཀ་འཇམ་ས།

ཕོ་གསར་བུ་གཞུང་རྒྱུད་དྲང་ས།

ཡུལ་དེ་ནི་ང་ཡི་ཕ་ས།

同歌手歌词